༢༠༡༢ གསར་མཛོད།

ཕྱི་ནའང་སྐྱོན་མེད།

༄༅། །བཟོ་རྩལ་གྱི་དཀའ་ངལ་གྱིས་རྐྱེན་པས་ང་ཚོ་གོམ་འགྲུལ་གནས་སྐོར་ནས་ལོག་པ་ནས་བཟུང་འདིར་དྲྭ་རྒྱའི་མཐུད་ལམ་མེད་ཅིང༌།

ངའི་གྲོགས་པོ་དང་སློབ་མ་ཚོས་དུས་ཚོད་ཆེད་བཟོས་ཀྱིས་རྐྱེན་དེ་ཡོ་བསྲང་བྱེད་ཐབས་བྱས་སོང༌། དེ་ནི་ང་རང་ལ་ཡག་པོ་བྱུང༌། གང་ཡིན་ཟེར་ན། ད་བར་གང་ཡང་འབྲི་དགོས་མ་བྱུང༌། དེས་ན་ངས་ཕྱི་ནའང་སྐྱོན་མེད་ཅེས་བརྗོད་ཀྱི་ཡོད། བློ་ཕམ་པ་ཞིག་ལ་ང་ཚོ་རྣམ་ཀུན་ནས་ཕྱི་དྲགས་ཏེ་ལས་ཀ་གལ་གནད་ཆེ་རིགས་མཐུད་ཤོར་འགྲོ་གི་ཡོད། ང་ཚོས་མི་གཞན་ཞིག་གིས་འགན་འཁུར་རྒྱུར་ངང་སྒུགས་བྱེད་པའམ། ཡང་ན་སང་ཉིན་བར་ནར་འགྱང་བྱས་ཏེ་མཐར་ལས་འགན་མ་འགྲུབ་པ་དང་སང་ཉིན་དེ་ནམ་ཡང་བསླེབ་ཀྱི་མེད། དེར་བརྟེན་གལ་ཏེ་ལས་དོན་གང་ཞིག་ལ་ཕྱི་སྐྱོན་མཐོང་བའམ། ལྷག་པར་ཆོས་ཕྱོགས་ཀྱི་ཡར་རྒྱས་ལ་མཐུད་ཤོར་འགྲོ་བ་ཤེས་ན་འཕྲལ་དུ་ཡོ་བསྲང་མ་བྱས་ན་སང་ཉིན་གོ་སྐབས་ཐོབ་མདོག་ཁ་པོ་མ་རེད།

ང་ཚོ་མང་ཆེ་བའི་མི་ཚེ་འདི་མགོ་མཇུག་ལྡོག་ཏེ་ཡོད། འཁོར་བའི་སྡུག་བསྔལ་ལས་འདྲེན་པའི་ཆོས་ཀྱི་བྱེད་སྒོ་དང་འཇིག་རྟེན་གྱི་བྱ་བ་གཉིས་དབར་འགལ་ཟླ་བྱུང་བ་ཡིན་ན་ང་ཚོས་འཇིག་རྟེན་གྱི་བྱ་བ་དེ་འདེམ་བཞིན་བདེ་སྐྱིད་ཀྱང་འདོད་པ་ཡིན། འཇིག་རྟེན་གྱི་བྱ་བཞག་ནི་མི་རྟག་པ་ཡིན་ཅིང༌། ཟིན་ཐབས་མེད་པའི་རྨི་ལམ་རྗེས་དེད་བྱེད་བ་ལྟར་ཡིན་ན་དེ་ཁོ་ན་རྩོལ་ལེན་བྱས་ན་བདེ་སྐྱིད་འབྱུང་ཐབས་མེད་ཅིང༌། ང་ལྟ་བུ་ཞིག་ཡིན་ན་ཆོས་ཀྱི་བྱ་བ་དེ་འདེམ་གྱི་རེད། གང་ཡིན་ཟེར་ན་དེས་རང་བརྒྱུད་ལེགས་བཅོས་བྱེད་ཅིང་རྒྱུན་མར་གནས་པ་ཡིན།

ངས་དགེ་འདུན་དང་བཙུན་མ། དེ་བཞིན་སློབ་མ་སྐྱ་བོ། གྲོགས་པོ་གསར་པ་བཅས་མི་གྲངས་ ༤༥༠ ཙམ་ཞིག་འཁྲིད་དེ་སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་སྒོམ་ཉམས་ལེན་གནང་གནས་ཕུག་པ་དང་དགོན་ཤུལ་རྩ་ཆེན་ཁག་མཇལ་ཆེད་མུམ་སྦེའི་ནས་བྷོ་པལ་བར་གོམ་འགྲུལ་གནས་སྐོར་འགྲོ་རྒྱུའི་གོ་སྒོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང༌། གནས་འདི་རྣམས་མཇལ་དུས་སེམས་སྐུལ་ཐེབས་པ་དང༌། ཡང་དགོན་ཤུལ་དང་ལྷ་སྐུ་བཅག་གཏོར་བྱས་ཤུལ་མཐོང་དུས་མི་རྣམས་ཀྱིས་གནས་དང་ལག་རྩལ་སྙིང་རྗེ་པོ་འདི་འདྲ་གཏོར་ཤིག་ཅི་ཕྱིར་བྱས་པ་ཡིན་ནམ་སྙམ་པའི་བློ་ཕམ་ཞིག་བྱུང༌། གལ་ཏེ་ང་ཚོས་རང་ཉིད་ཀྱི་ལྟ་བ་དེ་ཁོ་ན་ཡང་དག་པ་ཡིན་པར་འཛིནཔའི་བློ་དོག་པོ་འཛིན་ན་གཞན་གྱི་ཡུལ་སྲོལ་སྒོམ་གཤིས་ཀྱི་ལེགས་ཆ་རྣམས་བསམ་ཤེས་མི་ཐུབ་མཁན་ཞིག་ཏུ་འགྱུར་རྒྱུ་ཡིན་ཅིང༌། དེ་རྣམས་གཏོར་ཤིག་གཏོང་དགོས་བསམ་པ་ཞིག་ཡོང་གི་རེད། གཞན་དང་འབྲེལ་བ་བྱེད་ཕྱོགས་ཀྱང་དེ་ལྟར་ཡིན་ཏེ། གལ་ཏེ་རང་གི་དགའ་ཉེ་སྤུན་གྲོགས་རྣམས་ནས་རང་གིས་བརྗོད་པ་བཞིན་མ་བྱས་ན་ཀུན་ལ་ཁོང་ཁྲོ་བྱེད་པ་ཡིན། དེས་ན་ངས་རྒྱུན་དུ་རང་གི་སེམས་ལ་ལྟོས། སེམས་ལ་བྱ་ར་བྱས་ན་ལུས་ངག་གཉིས་ཀའི་སྤྱོད་ལམ་ཡག་པོ་ཡོང་གི་རེད་ཅེས་བརྗོད་དགོས་དོན་འདི་ཡིན། དུས་རྒྱུན་དུ་ང་ཚོས་འདི་འདྲ་བྱེད་ཀྱི་མེད་ཅིང༌། ཁ་ཕྱི་ལ་ཕྱོགས་ཅིང་གཞན་ལ་དཔྱད་པ་བྱེད་ཀྱི་ཡོད། ང་ཚོ་ཚང་མ་སོ་སོའི་ལམ་དུ་བསྐྱོད་ཀྱི་ཡོད་ཅིང༌། འགའ་ཞིག་མཐུན་ནའང་བརྒྱ་ཆ་བརྒྱ་མཐུན་པ་ཡོང་ཐབས་མེད་པས་མི་གཞན་གྱིས་ང་ཚོའི་ལམ་ཐོག་བསྐྱོད་པའི་རེ་བ་བྱེད་མི་རུང༌།

ང་ཚོ་གནས་སྐོར་འགོ་མ་ཚུགས་གོང་ཨ་མིར་ཁཱན་དང༌། ཁོང་གི་ཟླ་བོ་ཀི་རན་རའོ། ཁོང་གཉིས་ཀྱིས་ཀྱི་གསར་སྐྱེས་བྱིས་པ་བཅས་དང་ཐུག་འཕྲད་བྱུང་ཞིང༌། སྐབས་དེར་ཨ་མིར་ཁཱན་གྱིས་ང་ལ་དེབ་ཞིག་སྤྲད་བྱུང་བ་དེའི་མིང་ལ། ངའི་ཕྱུར་བ་སུས་འགུལ་བ་རེད། ཟེར་ཅིང༌། དེབ་དེ་ནི་མི་རྟག་འགྱུར་འགྲོས་དང་བསྟུན་ཐབས་སྐོར་ཡིན་ཅིང༌། ཤོག་གྲངས་ཉུང་ཤས་ལས་མེད་ཐོག་ང་ལྟ་བུ་དབྱིན་ཡིན་ཐབས་ཆག་ལས་མི་ཤེས་མཁན་གྱིས་ཀྱང་འདོན་ཐུབ་པ་ཞིག་འདུག་པས་ངས་མི་རྣམས་ལ་འདི་ཀློགས་རྒྱུའི་སྐུལ་མ་བྱེད་རྒྱུ་ཡིན། ཆོས་ཀུན་མི་རྟག་པ་ཡིན་པས་ང་ཚོའང་སྐད་ཅིག་སྐད་ཅིག་གིས་འགྱུར་བ་དང༌། སྐད་ཅིག་རེ་རེ་བཞིན་རྒས་འགྲོ་བ་ཡིན་སྟབས། སྐྱེས་སྐར་དགའ་སྟོན་ཞེས་པ་གོ་དུས་ང་གད་མོ་ཤོར་གྱིས། དགའ་སྟོན་བྱེད་རྒྱུ་ག་རེ་ཡོད་རེད། ཤི་ཐག་ཉེ་རུ་ཕྱིན་པའི་དགའ་སྟོན་བྱེད་ཀྱི་ཡོད་དམ་བསམ་ན། འཆི་བ་དང་མི་རྟག་པར་ཡིད་ཆད་ཀྱི་ལྟ་སྟངས་ཤིག་ཡིན་པ་དང༌། ཡང་མཐུན་ཕྱོགས་ཀྱི་ངོས་ནས་འགྱུར་བ་དང་མི་རྟག་པར་ལྟ་སྟངས་ནི། མི་རྟག་པ་ལོངས་སུ་སྤྱོད་རྒྱུ་དེ་ཡིན་པ་དང༌། དེས་ང་ཚོར་ད་ལྟ་བ་འདི་རིན་ཐང་ཆེན་པོ་ཡིན་པའི་དྲན་སྐུལ་བྱེད་ཅིང༌། གོང་ཞུས་དེབ་དེའི་ནང༌། ཕྱུར་བ་རྙིང་པ་ཇི་ཙམ་མགྱོགས་པ་དོར་བ་དེ་ཙམ་གྱིས་ཕྱུར་བ་གསར་པ་ལོངས་སུ་སྤྱོད་རྒྱུ་ཡོང་གི་རེད་ཅེས་ཟེར་བ་བཞིན། ཉམས་མྱོང་བཟང་ངན་ཐམས་ཅད་ལ་ཡི་རངས་བྱེད་ཐུབ་པ་ཡོང་བ་ཡིན།

ད་ཐེངས་གནས་སྐོར་སྐབས་ང་ཚོས་གད་རྙིགས་སྔོན་གྱི་གནས་སྐོར་སྐབས་ལས་མང་བ་བསྡུ་རུབ་བྱས་པ་ཡིན། མི་རྣམས་དངོས་འབྲེལ་གད་རྙིགས་བཟོ་བསྐྲུན་མཁན་ལ་གྱུར་འདུག ང་ཚོའི་ལེ་ལོའི་གཉེན་པོར་བཟོས་པའི་སྟབས་བདེ་རྣམས་གད་རྙིགས་སུ་གྱུར་ཡོད་ཅིང༌། ང་ཚོའི་དགའ་ཉམས་ཆེད་འཕྲུལ་རྫས་ཆས་མང་པོ་བཟོས་ཡོད་པ་རྣམས་གད་རྙིགས་སུ་གྱུར་དང་འགྱུར་བཞིན་པ་ཡིན། ལོངས་སྤྱོད་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་བཟོད་བདེ་མང་བ་དགོས་པ་དང༌། བཟོད་བདེ་བསྐྲུན་པའི་འཕྲུལ་རྫས་མང་ཆེ་བས་དངོས་པའི་གད་རྙིགས་འཇོག་པ་ཙམ་མ་ཟད་ཆོས་ཕྱོགས་ལའང་གནོད་པའི་བག་ཆགས་ངན་པ་འཇོག་པ་ཡིན། བྱ་བ་གང་ཞིག་བྱེད་ནའང་བརྩོན་གྲུས་མེད་པ་དང༌། བརྩོན་གྲུས་མེད་པར་ཡི་རངས་ཀྱི་བློ་མེད་ཅིང་དང་བདེ་སྐྱིད་མེད། དེས་ན་གོམ་འགྲུལ་གནས་སྐོར་གལ་འགང་ཆེན་པོ་འདུག་བསམ་གྱིས། གོམ་འགྲུལ་གནས་སྐོར་ལ་འགྲོ་མྱོང་མཁན་ཚོས་བདེ་སྐྱིད་གནས་ཐོག་ཏུ་རྙེད་པ་ཡིན། ང་ནི་གོམ་འགྲུལ་གནས་སྐོར་རྗེས་མ་དེ་གང་དུ་འགྲོ་དགོས་སམ་སྙམ་བཞིན་མདུན་བསུ་བྱེད་ཀྱིན་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ཕྱི་ནའང་སྐྱོན་མེད།